རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་གསུམ་པའི་བརྩམས་ཆོས།
དཔྱད་འདེམས་པ་རྒན་ཚེ་རྒྱལ་གྱིས༼སྤྱོད་ཁང༽ལ་གནང་བའི་དཔྱད་གཏམ།
རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་གསུམ་པའི་བྱ་དགའི་ཚོགས་ཆེན་སྟེང་གི་འཐུས་ཚབ་པའི་གཏམ་བཤད།
ཚྭ་རྡེའུ། ཟི་ལིང་།
གུས་པར་འོས་པའི་འདིར་བཞུགས་ཀྱི་དགེ་རྒན་རྣམ་པ།རྩོམ་པ་པོ་རྣམ་པ། མཚོ་སྔོན་དགེ་འོས་སློབ་ཆེན་གྱི་སློབ་གྲོགས་རྣམ་པ། དེ་རིང་གི་བྱ་འགུལ་འདིའི་ཡུལ་དངོས་སུ་ཕྱག་ཕེབས་གནང་བའི་མཛའ་བཤེས་གྲོགས་པོ་རྣམ་པ།ཁྱེད་རྣམ་པ་ཕྱི་དྲོ་བདེ་ལེགས། ཐོག་མར་ངས་འདི་ནས་གཙོ་སྒྲུབ་ལས་ཁུངས་ཀྱིས་ཕྲན་ལ།བྱ་དགའ་ཐོབ་པའི་རྩོམ་གྲོགས་དག་གི་ཚབ་བྱས་ཏེ་གཏམ་བཤད་ཀྱི་གོ་སྐབས་བྱིན་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།
ཁ་དཔེར།མི་ཆེན་སྔུན་ན་རྣང་རྒྱུ་ཞིག་ཟེར་ནི་རེད། རེད་མོད། དེ་རིང་གི་བར་དུ། ངས་ཆུང་དུས་ཨ་མ་ལགས་ཀྱི་ངག་ནས་ཡང་ཡང་ཕྱུང་གིན་པའི་སྐད་ཆ་དེའི་དོན་གསལ་པོར་གོ་མ་སོང་།ད་ལྟ་རང་གིས་གཉེར་གྱིན་པའི་ཁག་བགོས་ཀྱི་ལས་ཀའི་དབང་དུ་བྱས་ན།ངས་ད་ལྟའི་བར་དུ་སྟེགས་བུ་ཆེ་ཆུང་སྣ་ཚོགས་ནས་སྐད་ཆ་ཙར་ཙོར་མང་པོ་བཤད་ཁུལ་བྱས་མྱོང་།ཡིན་ནའང་། འདི་འདྲའི་མི་སྣ་གྲགས་ཅན་དག་གི་སྔུན་སར་ལངས་ཏེ་རྩོམ་རིག་གི་བྱ་འགུལ་ཞིག་དང་འབྲེལ་བའི་སྐད་ཆ་བཤད་རྒྱུ་ནི་ཐེངས་དང་པོ་ཡིན་པས། ང་ལ་གདེང་ཚོད་ཅི་ཡང་མེད་པའི་འཚབ་སྣང་ཆེན་པོ་ཞིག་སྐྱེ་འོང་གིན་འདུགབྱས་ན། ཞོལ་ནས་ངས་རང་གིས་བརྒྱུད་ཀྱིན་པའི་ཆེས་སྤྱིར་བཏང་གི་འཚོ་བའི་ཁྲོད་ཀྱི་གཏམ་རྒྱུད་རེ་ཟུང་ལ་སྦྱར་ཏེ།སྐད་ཆ་ཉུང་ཉུང་ཞིག་བཤད་ཆོག་པ་གནང་ཞུ།
ངའང་ངའི་ན་ཚོད་ཀྱི་ན་གཞོན་ཕལ་ཆེན་ཞིག་ལྟར།ཚེགས་སྡུག་དང་སེམས་སྡུག་གཉི་ག་བསྣོལ་བའི་གྲོང་ཁྱེར་ལ་འཚང་སྟེ།ཉི་འཁྱར་ལྷགས་འཁྱར་ངང་ས་མཐའ་ཁྱིམ་ལ་བསྒོམས་ཏེ་བསྡད་ཡོད་ནི་ཞིག་ཡིན། དུས་ཚོད་ཀྱི་དབང་དུ་བྱས་ན།ང་སྡོད་སའི་གཞིས་ཁུལ་དང་ངའི་ལས་ཀ་བྱེད་ས་གཉིས་ཀྱི་དབར་དུ་སྐར་མ་གསུམ་གྱི་ལམ་ཐག་མ་གཏོགས་མེད།ཡིན་ནའང་། གྲོགས་པོ་ཚོས་རྒྱུན་དུ་ང་ལ་ལས་ཀ་བྱེད་སའི་ས་གནས་འདྲི་དུས། ངས་དེ་ལྟར་སྟབས་བདེ་མོ་བྱས་ཏེ་བཤད་ཀྱི་མེད།དེ་ཙམ་བཤད་པས་ང་ལ་སོ་གསོད་པ་ཞིག་ཡོང་ཐབས་མི་འདུག ངས་ཁོ་ཚོར། ང་རང་གཞིས་ཁུལ་ནས་སྒོར་བུད་ཚེ།གཡས་གཡོན་འཁྱིར་དུ་སྦྱར་ཤིང་གིས་བསྐོར་ཞིང་། མོ་ཊ་དང་འཁོར་ལོའི་རིགས་སྣ་ཚོགས་ཟམ་མི་ཆད་པར་བརྡོལ་བའི་ལམ་ཆེན་ཞིག་ཡོད་ཅིང་།དེར་རྒྱུ་བའི་འཁོར་ལོའི་རིགས་ནི་སྤུས་དག་ལ་ཉམས་ཡག་ཁར་འགྲོས་ཀྱང་མགྱོགས།ལམ་དེའི་གཡོན་ཕྱོགས་སུ་བཟའ་བཏུང་གི་རིགས་དང་ཉེར་མཁོའི་ཅ་ལག་སད་སུད་སོགས། དྲན་ཚད་འབོལ་འབོལ་ལྷུག་ལྷུག་ཏུ་འཐོབ་ཐུབ་པའི་ཟོང་ཁྲོམ་ཞིག་ཡོད་ལ།ཟོང་ཁྲོམ་དེ་གའི་ཁང་པ་ཐོག་གཅིག་མ་དག་ཏུ་མ་གཏོགས་མི་རེག་པའི་སུར་པན་ཤ་བརྔོས་ནི།ཁ་རུ་བླངས་ན་རོ་ཚ་ཞིང་ཁོག་ཏུ་མིད་ན་གཟེར་སྦྲིད་རྒྱག་དགོས་པ་དེ་འདྲ་ཡིན། ཡང་ལམ་དེ་བརྒྱུད་ནས་ཡུད་ཙམ་ཕྱིན་ཚེ་བཞི་མདོ་ཞིག་དང་འཕྲད་སྲིད་ལ།བཞི་མདོ་དེ་རུ་ལྗང་སེར་དམར་གསུམ་གྱི་ལམ་སྟོན་གློག་འོད་དང་། གློག་འོད་དེ་དག་གིས་ལས་གོ་ཕྲན་ཙམ་མི་ཆོད་པའི་འགྲུལ་བ་ཕོ་མོ་ཡོད།དེ་ནས་ཤར་ལ་གཏད་དེ་གོམ་པ་དྲུག་ཅུ་ཙམ་ཕྱིན་ཚེ།གཟོད་ཤེལ་ཁྲ་ལམ་ལམ་འབར་ཞིང་རྒྱང་གྲགས་དང་རྔམ་ཟིལ་གཉི་ག་ཆེ་བའི་ངའི་ལས་ཀ་བྱེད་ས་སྟེ།ཡིག་ཆེན་གྱི་ལ་ཐོད་སྤྲས་པའི་ཁང་བཟང་བ་གམ་ཅན་དེར་ཐོན་ཐུབ་ཀྱི་ཡོད། ངས་ཁོང་ཚོར་ཀུ་རེ་དང་བཅས་འདི་ལྟར་བཤད་པ་ཡིན།འདི་ལྟར་བཤད་ན་ཅུང་རྒྱས་གཤོམ་ཆེ་མདོག་ཁ་པོ་རེད། འདི་ལྟར་བཤད་ཚེ་ཅུང་ཉམས་སིང་ཆེ་མདོག་ཁ་པོ་རེད།
ཡིན་ནའང་། སྒྲུང་རིང་དྲེལ་བའི་མི་ཚེ་ཡི་ནང་གི་ཨོ་ལོ་ཟླ་ཕུན་གྱིས་བརྒྱུད་ཀྱིན་པའི་དཀའ་སྡུག་གི་གཉན་འཕྲང་དང་ཐོབ་ཤོར་གྱི་ངམ་ཀླུང་ལྟ་བུ་དག་དང་བསྡུར་ཏེ།ངས་ཉི་མ་མང་པོར་བརྒྱུད་ཀྱིན་པའི་ལམ་ཐག་འདི་ནི་ཅི་འདྲའི་སྙིང་ཉེ་ཞིང་བབ་ཆགས་ལ། གཟས་ཏེ་སྤྲོས་གཤོམ་དང་རྒྱས་འབྲི་ག་ཙམ་བྱས་ཀྱང་དེ་འདྲའི་གླེང་རིན་མེད་པ་ཞིག་རེད་ཨང་།དེ་ལྟ་ནའང་། ངས་རང་གི་གྲོགས་པོ་དག་ལ་དེ་ལྟར་སུན་སྣང་དང་བཅས་པའི་ཀུ་རེ་རྩེད་བཞིན་ཡོད།གང་ལྟར་ཉི་མ་མང་པོ་མང་པོ་ཞིག་ལ། ང་དེ་ལྟར་ཞོགས་པ་རེ་རེར་ཉེར་མཁོའི་རྡོག་ཁྲེས་ཁུར་ནས་དེ་རུ་བྱིན་ཏེ།དགོང་ཁ་རེ་རེར་ཕྱི་ལམ་ཕྲ་མོ་དེད་ནས་ཁྱིམ་ལ་ལྡོག་གིན་ཡོད། ཚུལ་དེས་གཞལ་ན། ཕྲན་སོགས་ཀྱིས་ད་ལྟར་འབྲི་ཁུལ་བྱེད་ཀྱིན་པའི་ཡིག་ཚོགས་མཐའ་དག་གི་བསྐྱེད་བྱེད་རིགས་ཤིག་ནི།རང་རང་སོ་སོའི་ད་ལྟའི་དགའ་སྐྱོ་གཉིས་ལྡན་གྱི་བསྐྱར་ཟློས་དང་བཅས་པའི། གནོན་ཤུགས་དང་བཅས་པའི།སེམས་ངལ་དང་བཅས་པའི། བསླུ་བྲིད་འདྲ་མིན་དང་བཅས་པའི་རབ་རིབ་ཀྱི་འཚོ་བ་འདི་དག་ཡིན་སྲིད་རྒྱུ་རེད།
དེ་ལས་གཞན། ངའང་ངའི་ན་ཚོད་ཀྱི་ལས་གྲོགས་ཕལ་ཆེན་ཞིག་ལྟར།སྐབས་དང་སྐབས་སུ་ཅ་དངོས་ཆུང་ཆུང་ལ་ཆིངས་ཐག་བརྒྱབ་སྟེ། ས་ཆ་སྟོད་སྨད་བར་གསུམ་དང་ཉི་མ་ཤར་ལྷོ་སྒང་དྲུག་ལ།མགོ་ཁྲིད་ཀྱི་ཁག་བགོས་ལྟར་ཤྭ་ཉུལ་ཤེའུ་ཉུལ་གྱི་བསྐོས་ཐང་འགྲིག་སྟེ་ཡོད་པའི་གསར་འགོད་པ་ཆུང་ཆུང་ཞིག་ཡིན་ལ།ངའི་ཉེ་ལོགས་སུའང་། ཡ་ཀི་སྲིད་པའི་རྩེ་མོ་ནས་མ་ཀི་དམྱལ་བའི་གནས་རིས་སོགས།དྲན་ཚད་ཐོ་རུ་བསྟར་རྒྱུར་ཐོགས་རྡུག་དང་བྲལ་བའི་མཛའ་བཤེས་མང་པོ་ཡོད། ཁོ་པ་ཅག་ནི། ཉམས་འགྱུར་འཁྲུག་པོས་མོ་དཔྱད་རྒྱག་ཤེས་མཁན་དང་།བསྟན་བཤིག་ཚ་པོས་ཚིག་ཟུར་འཕེན་ཤེས་མཁན། རི་ལག་ཆུ་ལག་མང་པོ་བརྒྱུད་མྱོང་མཁན།འཚོ་བའི་ཉིན་སྲིབ་མང་པོ་མཐོང་མྱོང་མཁན་ཏག་ཏག་ཡིན། ལོ་ཟླ་མང་པོ་ཞིག་ལ། ངས་ཀྱང་ཁོ་པ་ཅག་དང་ལྷན་དུ།བཅར་འདྲི་བྱ་ཡུལ་གྱི་སྒོ་ཆེན་སྒོ་ཆུང་མང་པོར་ནངས་ཉུལ་དགོང་ཉུལ་སྒོས། སིམ་སིམ་བརྡོལ་བའི་སེམས་གཏམ་དང་སོག་སོག་འགུལ་བའི་འཕོ་འགྱུར་མང་པོ་ཞིག་མཐོང་ཐོས་བྱུང་བཞིན་ཡོད།ཚུལ་དེས་གཞལ་ཚེ། ཕྲན་སོགས་ཀྱིས་ད་ལྟར་འབྲི་ཁུལ་བྱེད་ཀྱིན་པའི་གཏམ་རྒྱུད་འདི་དག་གི་སྡང་སྡུག་གི་འཕལ་ཀ་དང་།སྐད་ཆའི་འཕྲོ་འདུ་མཐའ་དག་གི་གཅུ་སྒོའང་། ང་ཚོས་གསར་འགོད་ཀྱི་ལམ་ཁ་དང་སློབ་གྲྭའི་ཕྱི་ནང་།ཕ་ས་ཕ་ཡུལ་སོགས་ནས་མཐོང་ཐུབ་པའི་སེམས་འགུལ་དང་སེམས་ཚེགས་འདྲེས་མའི། དགའ་སྡུག་རེས་ཀྱིས་བསྣོལ་བའི་ཆགས་གནས་འཇིག་སྟོང་དང་འཕོ་འགྱུར་འཕེལ་འགྲུབ་མང་པོ་ཞིག་གིས་བྱེད་ཀྱིན་ཡོད་སྲིད།
གང་ལྟར་གཤམ་ལ། ངས་ཐེངས་འདིའི་སྒྲུང་ཐུང་འགྲན་སྡུར་ཁྲོད་བྱ་དགའ་ཐོབ་པའི་རང་གི་རྩོམ་གྲོགས་དག་གི་ཚབ་བྱས་ཏེ།འགྲན་སྡུར་གྱི་དཔྱད་འདེམས་དགེ་རྒན་རྣམ་པས་ང་ཚོའི་སེམས་དཔངས་བསྟད་པར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་ལ།ཁྱད་པར་དུ། མཉམ་སྦྲེལ་དྲ་རྒྱའི་སིམ་འཛུལ་སྣ་ཚོགས་ཐོལ་གྱིས་བརྡོལ་ནས་འོང་གིན་པའི་དེང་གི་དུས་འདིར་ཡང་།བརྟན་ཆ་དང་བཅས་ཏེ། ང་ཚོ་རྩོམ་རིག་ལ་དགའ་མོས་ཡོད་པའི་ན་གཞོན་ཚོར་རྩོམ་འབྲིའི་སྟེགས་བུ་ཡག་པོ་གཙོ་སྒྲུབ་གནང་མཁན་གྱི་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་འགོ་ཁྲིད་ལས་བྱེད་ཡོངས་དང་།འགན་སྒྲུབ་ཀྱི་མཛད་འཕྲིན་བསྐྱངས་པའི་མཚོ་སྔོན་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་དང་།མཚོ་སྔོན་དགེ་འོས་སློབ་ཆེན་བོད་སྐད་ཡིག་རྩོམ་རིག་སྡེ་ཁག་གཉིས་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་པར་མ་ཟད།ད་ལ་ཐུག་གི་དབར་དུ།དངོས་བརྒྱུད་ཤུགས་གསུམ་ནས་ང་ཚོའི་དགེ་རྒན་དུ་གྱུར་མྱོང་བ་མཐའ་དག་ལའང་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ།མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་ཐུགས་བསྐྱེད་གཟིགས་གཟོས་འདི་འདྲའི་སྐུལ་ལྕག་ལ་བརྟེན་ནས།ཐེངས་འདིར་བྱ་དགའ་ཐོབ་པའི་ན་གཞོན་ང་ཚོའང་། ག་དུས་ཡིན་ཀྱང་ཡི་ཕྱ་དུང་ངེར་རྩོམ་རིག་གསར་རྩོམ་ལ་གཞོལ་ཏེ།བར་བརྒལ་ཆེན་པོའི་རབ་ཁ་རུ་དབྱངས་དང་གསལ་བྱེད་ཀྱི་ཐ་གུ་བསྒྲིམ་ཤེས་པའི་མི་ཞིག་འཁྱོང་རྒྱུར་སྨོན་ལམ་རྒྱག་རྒྱུ་ཡིན་ལ།ཐུགས་རྗེ་ཆེ་དགེ་རྒན་རྣམ་པ། ཐུགས་རྗེ་ཆེ་སློབ་གྲོགས་རྣམ་པ།
ཟ་འོག་གུར་ཁྱིམ།
【ལོ་དེ་ལ།ལྷ་བྱམས་རྒྱལ།】དང་པོ། 【ལོ་དེ་ལ།ལྷ་བྱམས་རྒྱལ།】གཉིས་པ།
【ལོ་དེ་ལ།ལྷ་བྱམས་རྒྱལ།】གསུམ་པ།【ལོ་དེ་ལ།ལྷ་བྱམས་རྒྱལ།】བཞི་བ།
【ལོ་དེ་ལ།ལྷ་བྱམས་རྒྱལ།】ལྔ་བ། 【ལོ་དེ་ལ།ལྷ་བྱམས་རྒྱལ།】དྲུག་པ།
【ལོ་དེ་ལ།ལྷ་བྱམས་རྒྱལ།】བདུན་པ།【ལོ་དེ་ལ།ལྷ་བྱམས་རྒྱལ།】བརྒྱད་པ།
【བོད་ཀྱི་གཅེས་ཕྲུག】དང་པོ། 【བོད་ཀྱི་གཅེས་ཕྲུག】གཉིས་པ།
【བོད་ཀྱི་གཅེས་ཕྲུག】གསུམ་པ།【བོད་ཀྱི་གཅེས་ཕྲུག】བཞི་བ།
【བོད་ཀྱི་གཅེས་ཕྲུག】ལྔ་བ། 【བོད་ཀྱི་གཅེས་ཕྲུག】དྲུག་པ།
【བོད་ཀྱི་གཅེས་ཕྲུག】བདུན་པ།【བོད་ཀྱི་གཅེས་ཕྲུག】བརྒྱད་པ།
【བོད་ཀྱི་གཅེས་ཕྲུག】དགུ་བ། 【བོད་ཀྱི་གཅེས་ཕྲུག】བཅུ་བ།
【ང་ནི་ཡར་འབྲོག་གཡུ་མཚོའི་ཉ་ཞིག་ཡིན།】དང་པོ
【ང་ནི་ཡར་འབྲོག་གཡུ་མཚོའི་ཉ་ཞིག་ཡིན།】གཉིས་པ།
【ང་ནི་ཡར་འབྲོག་གཡུ་མཚོའི་ཉ་ཞིག་ཡིན།】གསུམ་པ།
【ང་ནི་ཡར་འབྲོག་གཡུ་མཚོའི་ཉ་ཞིག་ཡིན།】བཞི་བ།
【ང་ནི་ཡར་འབྲོག་གཡུ་མཚོའི་ཉ་ཞིག་ཡིན།】ལྔ་བ།
【ང་ནི་ཡར་འབྲོག་གཡུ་མཚོའི་ཉ་ཞིག་ཡིན།】དྲུག་པ།
【སྒྲ་ལྡན་ལྷུག་རྩོམ།】ངའི་ཨ་ཅེ་རྡོ་རྗེ་སྒྲོལ་མ།
【བོད་ཀྱི་གཅེས་ཕྲུག】སྨད་ཆ། དང་པོ།
【བོད་ཀྱི་གཅེས་ཕྲུག】སྨད་ཆ། གཉིས་པ།
【བོད་ཀྱི་གཅེས་ཕྲུག】སྨད་ཆ། གསུམ་པ།
【བོད་ཀྱི་གཅེས་ཕྲུག】སྨད་ཆ། བཞི་བ།
【བོད་ཀྱི་གཅེས་ཕྲུག】སྨད་ཆ། ལྔ་བ།
【བོད་ཀྱི་གཅེས་ཕྲུག】སྨད་ཆ། དྲུག་པ།
【བོད་ཀྱི་གཅེས་ཕྲུག】སྨད་ཆ། བདུན་པ།
【བོད་ཀྱི་གཅེས་ཕྲུག】སྨད་ཆ། བརྒྱད་པ།
【བོད་ཀྱི་གཅེས་ཕྲུག】སྨད་ཆ། དགུ་བ།